16 Mar 2012
57 min 2 sec
Video Overview
Creators:
Mayuk Cultural Video Company, རྨ་ཡུལ་རིག་གནས་བརྙན་འཕྲིན་སྒྲིག་བཟོ་ཀུང་སི།, 玛域文化影视制作公司
Tibetan Wedding: three different weddings were filmed in Karang Township and Wendu Township to produce the video. Though some traditions are lost in these communities, they are better preserved here than in other Tibetan communities in Xunhua. This is the reason the weddings have been documented in these two communities.
གཉེན་སྲོལ། བོད་རིགས་སྲོལ་རྒྱུན་གྱི་གཉེན་སྲོལ་དེ་བོད་ཁུལ་གྱི་ས་གནས་སོ་སོར་ཐུན་མིན་གྱི་ཁྱད་ཆོས་ཡོད་དེ། ང་ཚོས་ཐེངས་འདིར་ཞིན་ཧྭ་བོད་ཁུལ་ལས་ཀ་རིང་དང་བིས་མདོ་ས་ཁུལ་གྱི་གཉེན་སྒྲིག་སྲོལ་གྱི་གོ་རིམ་གཙོར་བྱས་ཏེ་ཉམས་ནུས་སུ་འགྲོ་བཞིན་པའི་རང་རེའི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་ཅུང་ཙམ་བྱེད་པར་རྒྱུ་ཆ་འདི་འདོན་སྤྲོད་བྱས་པ་ཡིན།
婚俗:藏族传统婚俗仪式在其他藏区已失去了它原有的魅力, 而在循化尕愣乡和文都乡却保留了最传统的婚俗仪式。因此我组在以上两个乡拍摄了三庄婚礼在DVD 中,不仅为了让大家更深地了解藏族婚礼,也让传统文化发扬光大。
- Beudo
- Karing
- བཤད་མཁན་དང་པོ།ཞུན་ཧྭ་བོད་ཁུལ་གྱི་གཉེན་སྒྲིག་སྲོལ་དེ།
- ཆེ་ཕྱོགས་ནས་བཤད་ན་མདོ་ཁམས་སྤྱིའི་གཉེན་སྒྲིག་སྲོལ་དང་མཐུན་ཞིང་།
- ཆུང་ཕྱོགས་ནས་བཤད་ན།
- ས་གནས་རང་གི་ཁྱད་ཆོས་མི་ཉུང་བ་ཞིག་ཀྱང་འདུས་ཡོད།
- ཐེངས་འདིར་ང་ཚོས་ཞུན་ཧྭ་བོད་ཁུལ་ལས་ཀ་རིང་བིས་མདོ་ས་ཁུལ་གྱི།
- གཉེན་སྒྲིག་གི་གོ་རིམ་གཙོར་བྱས་ཏེ་བརྙན་ཕབ་བྱས་ཡོད་པས།
- གཤམ་ནས་དེའི་སྐོར་རགས་ཙམ་བཤད་པར་བྱ།
- དེ་ཡང་གཉེན་སྒྲིག་སྐབས།
- ཐོག་མར་གཉེན་ཡ་ཕན་ཚུན་ལ་རྒྱུས་ལོན་གསལ་བོ་བྱ་དགོས་ཏེ།
- ཕོ་གསར་ཚང་ལྟ་བུ་ལ་མཚོན་ན།
- རང་གི་བུ་དང་མོས་མཐུན་བྱུང་བའི་བུ་མོ་དེའི་ལོ་རུས་བབས་སྐལ་འདེད་པ་དང་།
- ལག་ལས་ཀ་དང་ཡག་མོ་སྒོ།
- ཁྱིམ་ཚང་དེའི་མི་རྒྱུད་བཟང་མིན།
- བུ་མོ་དེའི་ཁ་ལས་དགེ་མིན་བཅས་ལ་བརྟག་རྗེས།
- ད་གཟོད་གཉེན་སློང་བའི་མགོ་རྩོམ་པ་ཡིན།
- དེ་ལ་ཐོག་མར་ཁྱིམ་ཚང་ནང་ཁུལ་ནས་གྲོས་བྱས་ཏེ།
- བུ་མོ་གང་ཞིག་མནའ་མར་སློང་རྒྱུ་ཐག་བཅད་རྗེས།
- ཕྱོགས་གཉིས་ཀས་བློ་གཏད་ཆོག་པ་དང་།
- གཞུང་དྲང་ཞིང་འཇོན་ཐང་ལྡན་པ།
- སྨྲ་མཁས་ཤིང་འཆར་སྒོ་མྱུར་བའི་རྒན་པ་བསམ་ཤེས་ཤིག
- བར་བ་རུ་མངགས་པ་ཡིན་ལ།
- བར་བས་ཆང་འཕང་ཁ་བཏགས་དང་བཅས་ཏེ།
- གཉེན་པོ་ཚང་ལ་བུ་མོ་སློང་དུ་འགྲོ་བ་ཡིན།
- བཤད་མཁན་གཉིས་པ།དེ་ཡིན་ན་དེ་རིང་ཉི་མ་བཟང་བོ་སྐར་མ་བཟང་བོ།
- འདིའི་སྟེང་འདིར།
- གཉེན་གྱི་སྟེང་ནས་བཤད་ན་བུ་ཞིག་ཡོད་ཚེ་མནའ་མ་ཞིག་བཙལ་དགོས་པ།
- བུ་མོ་ཞིག་ཡོད་ན་གནས་ལ་འགྲོ་དགོས་པའི་སྟེང་ནས།
- ང་གཉེན་པོ་ཚང་ལ་མཚོན་ན་རྡོ་སྦིས་སྡེ་ཁ་སྟོང་གི་ནང་གི།
- ངས་ཉིན་དཀར་ལ་མིག་གིས་བཙལ་བ་དང་མཚན་མོར་སེམས་ཀྱིས་བཙལ་ནས།
- སྐར་མ་བཟང་བའི་གསེར་གྱི་ཐོ་བ་ལ་འཇུས་ན།
- ཕ་ཨ་ཁུ་ཚང་ལ་དགྲ་ལྷ་འཁོར་བ།
- སྟག་ཤར་བ་ཚང་ལ་དཔའ་རྩལ་རྒྱས་པ།
- འདིའི་སྟེང་འདི་ནས་མ་སྲུ་མོ་ཚང་ལ་ཐབ་ལྷ་འཁོར་ཞེས།
- ང་རང་བར་བ་ལ་མངགས་ནས།
- ང་རང་ནམ་ལངས་ཀྱི་དང་པོ་བྱས་པ་དང་ཉི་ཤར་གྱི་རྩེ་མོ་བྱས་ནས།
- ངས་ཆང་འཕང་ཁ་བཏགས་ལག་ལ་བཟུང་ནས།
- ཨ་ཞང་ཚང་གི་གསེར་གྱི་ཡར་བཞག་མགོར་ཁུར་ནས།
- དངུལ་གྱི་མར་བཞག་ཟློག་པས་མནན་ནས།
- དུང་གི་རྒྱགས་ཕྱེ་འཕྲད་དུ་ཁྱེར་ནས།
- ང་སྒོར་ཁར་བུད་ནས་གོ་ཁར་ཙོག་སྟེ།
- ཨ་ཞང་ཚང་གིས་ཉན་ན་ང་རང་གཉེན་ཚང་ཚང་གིས་འཕང་བའི་མདའ་ཡིན།
- བཤད་མཁན་དང་པོ།གལ་ཏེ་ཨ་ཞང་ཚང་གིས་རང་གི་བུ་མོ་སྟེར་འདོད་མེད་ཚེ།
- ཆང་འཕང་ཁ་བཏགས་ལ་གནས་ཚང་མི་གཏོང་བར་ཕྱིར་བརྫོག་པ་ཡིན་ལ།
- དེ་ནི་རང་གི་བུ་མོ་ཁྱིམ་ཚང་དེ་ལ་སྟེར་འདོད་མེད་པའི་རྟགས་ཤིག་ཡིན།
- དེ་ལས་ལྡོག་སྟེ་ཐོག་མར་ཆང་འཕང་ཁ་བཏགས་ལ་གནས་ཚང་བཏང་བ་ཡིན་ན།
- དེ་ནི་བུ་མོ་སྟེར་འདོད་ཡོད་པའི་མཚོན་རྟགས་ཡིན་པས།
- བར་བ་བསྟུན་མར་ཐེངས་འགར་ཨ་ཞང་ཚང་ལ།
- བུ་མོ་སྟེར་མིན་གྱི་ཚིག་ལེན་དུ་འགྲོ་བ་ཡིན།
- ཨ་ཞང་ཚང་གིས་རང་གི་བུ་མོ་ཁྱིམ་དེར་གནས་ལ་སྟེར་རྒྱུའི་འཐད་པ་བྱུང་བ་ཡིན་ན།
- ཕྱོགས་གཉིས་ཀས་གྲོས་ཁ་གཅིག་ལ་བཞག་སྟེ།
- ཉིན་བཟང་སྐར་བཟང་ཞིག་བདམ་སྟེ།
- ཚིག་ཆང་འཐུང་བ་ཡིན།
- ཚིག་ཆང་འཐུང་བ་ནི།
- ཕྱོགས་གཅིག་ནས་བུ་མོ་སྟེར་རྒྱུ་ཡིན་པར་འཐད་པ་བྱུང་བའི་ཚིག་སྟེར་བ་དང་།
- ཕྱོགས་གཞན་ཞིག་ནས་རྒྱུ་ནམ་འདེད་རྒྱུ་དང་།
- རྒྱུ་རིན་ག་ཚོད་ལེན་རྒྱུ།
- སྟོན་མོ་ནམ་བྱེད་རྒྱུ་དང་སྟོན་མོའི་རྒྱ་ཆེ་ཆུང་།
- ད་རུང་ད་སྒྲིག་གཞན་དག་གི་སྐོར་ལ་གྲོས་ལེགས་པར་བྱེད་པ་ཡིན།
- གཞན་ཡང་བུ་མོ་གནས་ལ་སྐྱེལ་བའི་ཉིན་གཉིས་ཙམ་གྱི་ཡར་སྔོན་དུ།
- ཁྱིམ་དེས་སྡེ་བའི་ནང་གི་སྐྲ་ལས་མཁན་གྱི་མ་སྲུ་རེ་གཉིས་གྲོགས་སུ་བརྟེན་ཏེ།
- བག་གསར་གྱི་མགོ་ལས་པ་དང་།
- ཁྲ་མོ་དང་དུང་དཀར་སོགས་ཀྱི་འདོགས་ཆ་ཁ་ཚང་བར་འདོགས་ལ།
- སླེ་བོའི་ནང་དུ་གོ་རེ་དང་སིལ་ཏོག་སོགས་ཀྱི་ཁ་ར་ཕུན་སུམ་ཚོགས་པར་བརྩིགས་ཏེ།
- བུ་མོ་གནས་ལ་རྫོང་བར་གྲ་སྒྲིག་གྱ་ནོམ་པ་ཞིག་བྱེད་པ་ཡིན།
- རྒྱུ་འདེད་པའི་ཉིན་ལ་སླེབས་པ་ན།
- གཉེན་ཚང་གིས་བར་བ་དང་མག་པ།
- མག་རོགས།
- ད་རུང་གང་བཟང་གི་གླུ་བ་རེ་གཉིས་བཅས་ཏེ་རྒྱུ་འདེད་དུ་འོང་བ་དང་།
- ཉིན་དེར་གཙོ་བོ་བུ་མོའི་རྒྱུ་རིན་ཁྱེར་ཡོང་བ་ཡིན་ལ།
- འགའ་རེས་དགོང་མོ་དེར་བུ་མོ་གནས་ལ་སྐྱེལ་བའང་ཡོད།
- དེ་བས་ཨ་ཞང་ཚང་གིས་རྒྱུ་ཆང་འཐང་བར་གྲ་སྒྲིག་བྱེད་པ་སྟེ།
- རྒྱུ་འདེད་མཁན་ཡོང་མ་ཐག
- རང་གི་ཉེ་ཚང་ནང་ཁུལ་གྱི་ཕ་དང་ཨ་ཁུ་རྣམས་དང་།
- སྡེ་བའི་ནང་གི་གསར་བུ་ཡོད་ཚད་བོས་ཏེ།
- གཉེན་པོ་ཚང་གིས་རྒྱུ་ཆང་ལ་ཁྱེར་ཡོང་ཡོད་པའི་ཆང་དམ་གྱི་ཁ་ཕྱེ་ཞིང་།
- གནས་ལ་སྐྱེལ་རྒྱུའི་བུ་མོ་དེའི་རྒྱུ་ཆང་ཚང་མས་ཆབ་ཅིག་ཏུ་འཐུང་བར་བྱེད་ཅིང་།
- གླུ་གར་རྩེད་མོའི་དུས་བདའ་བར་བྱེད་པ་ཡིན།
- ཁྱིམ་ཚང་གང་བོས་རང་རང་གི་ས་ན་བྲེལ་འཚུབ་ངང་གྲ་སྒྲིག་གི་ལས་སྣ་ཚོགས་བྱེད་ཀྱིན་ཡོད་དེ།
- སྒོ་ཕྱི་ནང་ཀུན་ལ་གཙང་སྦྲ་ལེགས་པོ་བྱེད་པ་དང་།
- ཁང་བའི་ནང་ལ་གདན་ཁྲ་འདིང་བ་དང་ཅོག་ཙེ་འཇོག་པ།
- ཀ་ར་སིལ་ཏོག་སོགས་ཀྱི་སྡེར་ཁ་སྒྲིག་པ་བཅས།
- གྲ་སྒྲིག་ཡོངས་སུ་ཚང་བར་བྱེད་པ་ཡིན།
- ཉིན་དེའི་ཕྱི་དྲི་ཉི་མ་ནུབ་ལ་ཁད་ཀྱི་དུས་སུ།
- མག་གསར་དང་མག་རོགས།
- བར་བ་འཁོར་དང་བཅས་པ།
- ཨ་ཞང་ཚང་ལ་མག་པའི་རྣ་འཇོག་འཐེན་པར་འོང་བ་ཡིན།
- དགོང་མོ་དེར་བག་གསར་གྱི་ཁ་ཡ་ན་ཟླ་ཚོ།
- ཨ་ཞང་ཚང་ལ་མག་གསར་གྱི་རྣ་འཇོག་འཐེན་དུ་ཡོང་ཞིང་།
- མག་གསར་དེ་སྡུག་ལ་གཏོད་གང་ཐུབ་བྱེད་པ་ཡིན།
- དེ་བས་མི་རྣམས་ཀྱིས་ཉིན་དེའི་དགོང་མོ་ལ།
- མག་པ་ཡི་རྣ་འཇོག་འཐེན་པའི་དགོང་མོ་ཞེས་བརྗོད།
- དེའི་དགོང་མོར།
- ཆེས་ཉམས་མཚར་ཞིང་ཟིང་ཟིང་ཆེ་བ་ནི་མག་གསར་གྱི་རྣ་འཇོག་འཐེན་པ་དེ་ཡིན།
- ས་ཆ་འདི་ལ་དཔེ་ཞིག་ཡོད་དེ།
- མག་པར་རྣ་འཇོག་དགུ་འཐེན་ཞེས།
- མག་པའི་རྣ་འཇོག་ཐེངས་དགུ་ལ་འཐེན་པའི་སྲོལ་ཡོད་དེ།
- མ་སྲུ་རྣམས་མཚམས་མཚམས་སུ་མག་པའི་རྣ་འཇོག་འཐེན་པར་རྒྱུགས་པ་དང།
- སྡེ་བའི་ནང་གི་ཕོ་གསར་རྣམས་མག་གསར་གྱི་ཕྱོགས་ནས་ལངས་བས།
- མ་སྲུ་དེ་ཚོ་འགོག་གང་ཐུབ་བྱེད་པ་ཡིན།
- དེ་མིན་མག་རོགས་དེ་ཡང་ངེས་པར་གླུ་ལེན་གར་རྩེད་ལ་བྱང་ཆ་ཡོད་པ་ཞིག་ཡིན་དགོས་ཏེ།
- ཁོས་སྙན་མོ་ངག་གི་དབྱངས་རྟར་དྲངས་ཏེ་གླུ་རེ་བླངས་ཚེ།
- མ་སྲུ་ཚོས་རེ་ཞིག་མག་གསར་གྱི་རྣ་འཇོག་མི་འཐེན་པར་མཚམས་འཇོག་པ་དང།
- བར་བས་སྔ་གཞུག་བྱས་ཏེ་མ་སྲུ་ཚོ་ལ་དངུལ་དོང་ཙེ་རེ་བྱིན་ནས།
- གནང་བ་ཞུས་ན་ད་གཟོད་མ་སྲུ་ཚོས་ཁོ་ཚོ་གུ་ཡངས་སུ་གཏོང་བ་ཡིན།
- དགོང་མོ་དེའི་གླུ་ལེན་གར་རྩེད་དང་རྣ་འཇོག་འཐེན་པའི་བྱེད་སྒོ་མཇུག་རྫོགས་རྗེས།
- མག་པ་འཁོར་དང་བཅས་པ་ཕྱིར་རང་ཁྱིམ་དུ་ལོག་སྟེ།
- ཕྱི་ཉིན་བག་གསར་བསུ་བ་དང་སྟོན་མོ་བྱེད་རྒྱུར་གྲ་སྒྲིག་བྱེད་པ་ཡིན།
- ཕྱི་ཉིན་སྔ་མོའི་སྐྱ་རེངས་དང་འགྲོགས་ཏེ།
- ཨ་ཞང་ཚང་གི་བཟའ་ཚང་གང་བོ་ཡར་ལངས་ཤིང་།
- བག་གསར་ལ་གོས་སྐོན་པ་དང་།
- འདོགས་ཆ་འདོགས་པ་དང་།
- ཁྱིམ་དེའི་ཨ་མཆོད་ཡང་སྔ་མོ་ནས་ཕེབས་ཏེ།
- ཚ་ཐབ་སྟེང་ན་གཡང་འབོད་བྱེད་བཞིན་ཡོད།
- གཡང་འབོད་བྱེད་པ་འདི་ནི།
- ཁྱིམ་དེའི་གཡང་ཐམས་ཅད་བུ་མོས་ཁྱེར་འགྲོ་ཟེར་ནས།
- གཡང་ཐམས་ཅད་ཕྱིར་རང་ཁྱིམ་དུ་འགུག་པ་ཡིན་པར་བཤད།
- གཡང་འབོད་བྱས་ཚར་རྗེས།
- ཁ་དཔེ་ལ།
- མི་དགའ་དགའ་མདོག་བྱེད་པ་དེ་ཕོ་གསར་དམག་ལ་འགྲོ་བའི་རྟགས།
- མི་སྡུག་སྡུག་མདོག་བྱེད་པ་དེ་མོ་གསར་གནས་ལ་འགྲོ་བའི་རྟགས་ཞེས་པ་ལྟར།
- བུ་མོས་རང་གི་ཕ་མ་གཉིས་གཙོར་བྱས།
- མཆོད་ཁང་དང་ཁྱིམ་གྱི་སྒོ་ཕྱི་ནང་ལ་ཕྱག་འཚལ་ཞིང་།
- མིག་ནས་མཆི་ལ་བཏོན་ཞིང་ངུ་སྐད་བྱུང་བཞིན།
- ཕྱིར་བགྲད་ཀྱིས་འབྲུ་རིགས་སྣ་ལྔའི་མཆོད་ཁ་འཕེན་ཞོར།
- བག་རོགས་དང་ཁ་ཡ་ན་ཟླ་ཚོས་གཡས་གཡོན་ནས་བསྐོར་ཏེ།
- བག་གསར་གནས་ཚང་གི་ཕྱོགས་སུ་སྐྱེལ་འགྲོ་བ་ཡིན།
- གཉེན་པོ་ཚང་ཡང་བག་གསར་གྱི་བག་གསར་གྱི་སྔུན་བསུ་བར།
- སྔ་མོ་ནས་གཏན་འཁེལ་བྱས་ཡོད་པའི་གནས་དེར་ཐོན་ཞིང་།
- བག་གསར་བསུ་བར་གཉེར་པོ་ཚང་ནས།
- གླུ་ལེན་གར་རྩེད་ལ་དགའ་བའི་མ་སྲུ་སྐོར་ཞིག་དང་།
- གསར་བུ་སྐོར་ཞིག་སྔུན་ལ་བུད་དེ།
- བག་གསར་བག་རོགས་དང་བཅས་པའི་སྔུན་བསུས་ཏེ།
- ལམ་ཆང་འཛིན་པ་ཡིན།
- ལམ་ཆང་འཛིན་པ་འདི་ལ་ས་ཆ་འདིས་དྲི་བསྐོལ་ཁྱེར་བ་ཞེས་འབོད་ཅིང་།
- སྔོན་ཆད་ཡིན་ན་ཨ་ཞང་ཚང་ནས་གཉེན་པོ་ཚང་བར།
- དྲི་བསྐོལ་ཐེངས་བརྒྱ་དང་བརྒྱད་བཟུང་ནས།
- བསུ་བ་ཅུང་གཟབ་རྒྱས་ཤིག་བྱེད་དགོས་པར་བཤད་མོད།
- ཡིན་ཡང་དུས་ད་ལྟ།
- དེ་དག་རེ་རེ་བཞིན་ཉམས་དམས་སུ་སོང་སྟེ།
- དྲི་བསྐོལ་འཛིན་པའི་སྲོལ་འདི་ཡང།
- སྟབས་ཇེ་བདེ་དང་ཚེགས་ཇེ་ཡང་དུ་བཏང་ནས།
- དེ་འདྲ་མང་པོ་ཞིག་མི་འཛིན།
- བག་གསར་སྐྱེལ་མི་རྣམས་གཏན་འཁེལ་གྱི་གནས་དེར་ཐོན་རྗེས།
- བག་གསར་གཉེན་ཚང་ལ་སྤྲོད་པའི་བྱེད་སྒོ་སྤེལ་བ་ཡིན་ཏེ།
- དེ་ཡང་ཐོག་མར།
- གཉེན་པོ་ཚང་ནས་མི་མངགས་ཏེ།
- གོ་རེ་ཁ་རྟེའུ་སྟེང་ལ་ཆང་འཕང་ཁ་བཏགས་དང་བཅས་ཏེ།
- ལམ་ཆང་མགོ་མ་འཛིན་ཞིང་།
- བག་གསར་འཁོར་དང་བཅས་པར་འཚམས་འདྲི་ཞུ་བ་དང་ཆབ་ཅིག
- བག་མ་གནས་ཚང་ལ་སྤྲོད་པའི་རེ་བ་འདོན་པ་ཡིན།
- ཡིན་ཡང་བག་གསར་ཕྱོགས་ཀྱི་ཨ་ནེ་ཚོས།
- བག་མ་རེམ་པར་གནས་ཚང་ལ་སྤྲོད་འདོད་མེད་པའི་རྣམ་འགྱུར་བསྟན་ཞིང་།
- གཉེན་ཡ་ཚང་ལ་གླུ་ལེན་གར་རྩེད་བྱེད་དུ་འཇུག་པ་ཡིན།
- བཤད་མཁན་གསུམ་པ།འབའ་ལ་ཡང་ལ་མོ་ལ་ཡང་ཡེ་ལེན་ཡ།
- འདི་ཡང་ཡང་སྐྱིད་པའི་གླུ་ཞིག་ལེན།
- བཤད་མཁན་བཞི་བ།ཡེད་་་གླུ་བ་ཡི་ལོ།
- མ་བུ་མོ་སྐྱེས་ས་རང་ཡུལ་རེད།
- ན་ཟླ་ཡི་ལོ་་་མགོ་སྒུར་ནས་འགྲོ་ས་གནས་ཡུལ་རེད།
- ཨ་ཁུ་ཡི་ལོ་་་འགྲོ་དགོས་པ་འདི་ནི་སྔུན་ལས་རེད།
- བཤད་མཁན་ལྔ་བ།ཨ་རྩེད་་་
- འདི་གྲལ་སྐེད་བསྐོར་ནས་དངུལ་མཚོ་འཁྱིལ་ཡ།
- དངུལ་མཚོ་ནང་ལ་དངུལ་སྡོང་སྐྱེས།
- དངུལ་སྡོང་མགོ་ལ་དངུལ་བྱ་བབས།
- དངུལ་དཀར་པོའི་བྱ་འདི་གྲགས་ན་ཡག
- འདི་ཡང་ཡང་གྲགས་པའི་སྨོན་ལམ་འདེབས།
- བཤད་མཁན་དྲུག་པ།མཆོད་ཡ་མཆོད་གཅིག་་་ངེད་ཨ་ཞང་ཚང་དང་ཁྱེད་གཉེན་ཚང་གཉིས་ཀ།
- ལོ་གོང་མར་ཁ་ཐུག་པ་དང་རྫ་བར་མར་གྲོས་བྱས།
- གྲོས་ཐོག་ཏུ་གཡང་བཙལ་བ།
- བྲག་དང་ཤུག་པ་རྩེ་རུ་བསྡད།
- [གསལ་བོ་མིན་པ།]
- [གསལ་བོ་མིན་པ།]
- རང་ལུས་རིན་ཆེན་གསེར་ཡིན།
- གསེར་སེར་པོ་འདྲ་ཞིག་དོག་མོ་ས་ལ་ཟུག་གི།
- ལགས་སོ།
- མཆོད་མཆོད་ཅིག་་་ངེད་ཚང་གི་བུ་མོ་འདིའི་མཐོ་རབས་བཤད་ན།
- མཐོ་བ་དགུང་སྔོན་གནམ་ལ་མཐོ།
- གྲགས་ནས་བར་སྣང་ཁམས་ལ་གྲགས་འདུག
- [གསལ་བོ་མིན་པ།]
- འདིའི་འཛོམས་པ་བཤད་ན་མགོའི་ད་སྐྲ་རྒྱ་ལྕང་ལོ་མ་འདྲ།
- མིག་ཁྲ་རིས་སྐར་ཆེན་ཤར་བ་འདྲ།
- ཁའི་དུང་སོ་སྐེ་རྒྱན་སྒྲིག་པ་འདྲ།
- གཟུགས་སྐྱེས་ལུས་མདའ་མོ་དང་འདྲ།
- སྐད་སྙན་པ་ཁུ་བྱུག་གྲགས་པ་འདྲ།
- འདིའི་རིན་ཐང་བཤད་ན།
- མགོའི་ནོར་བ་ཡག་པར་དུང་བརྒྱ་དགོས།
- མིག་ཁྲ་རིས་ཡག་པར་སྐར་བརྒྱ་དགོས།
- བཀྲ་ཤིས་གཡང་དྲུང་ཕུ་བཀང་དགོས།
- བཀྲ་ཤིས་སྐྱེས་གདན་འདོམ་བཀང་དགོས།
- བཀྲ་ཤིས་ལུ་མ་སྐེད་བཀང་དགོས།
- དེ་འདྲ་ཞིག་གང་ན་ཡོད་མོད།
- ཁྱེད་ཚང་གིས་གསེར་གྱི་བྲེ་ཁ་དེད་ནས་བྱིན་ན་ངེད་ཚང་གི་ཕ་དང་ཨ་ཁུ་དགའ།
- ཁྱེད་ཚང་གིས་དངུལ་གྱི་རྒྱ་ཁ་སྲིང་ནས་བྱིན་ན་ངེད་ཚང་གི་མ་དང་སྲུ་མོ་དགའ།
- [གསལ་བོ་མིན་པ།]
- ལགས་སོ།
- མཆོད་མཆོད་ཅིག་་་དེ་རིང་གི་ཉི་མ་བཟང་བོ་སྐར་མ་བཟང་བོ།
- བཀྲ་ཤིས་དོན་འགྲུབ་ཕུན་སུམ་ཚོགས་པའི་ཉི་མ་འདིར།
- ངེད་ཚང་གི་བུ་མོ་ཚ་མོ་འདི་ཁྱེད་ཚང་གི་ཁ་རྩར་བུད་ནས་སྒོ་རྩ་མནན་ནས།
- གཡུ་བྱུ་རུ་གསུམ་གྱི་དོན་རྩ་མནན་ནས།
- གསེར་གྱི་ཡར་བཞག་མགོར་ཁུར་ནས་དངུལ་གྱི་མར་བཞག་བཟློག་པས་མནན་ནས།
- གསེར་གྱི་སྒོ་འགྲམ་གཉིས་གཡས་གཡོན་ནས་སྐྱུར།
- [གསལ་བོ་མིན་པ།]
- ལགས་སོ་ལགས་སོ།
- མཆོད་མཆོད་ཅིག
- ཁྱེད་ཚང་གི་རྟ་ར་གོང་མ་དེར་རྟ་མང་པོ་འཛོམས་པའི་བཀྲ་ཤིས་ཤོག
- ཁྱེད་ཚང་གི་མཛོ་ར་བར་མ་དེར་མཛོ་ཁྱུང་དཀར་འཛོམས་པའི་བཀྲ་ཤིས་ཤོག
- ཁྱེད་ཚང་གི་ལུག་ར་ཞོལ་མ་དེར་ལུག་ཚ་རུ་འཛོམས་པའི་བཀྲ་ཤིས་ཤོག
- ཁྱེད་ཚང་གི་གཡང་ཁང་སྨུག་པོ་དེར་ཟས་སྦྲང་དཀར་འཛོམས་པའི་བཀྲ་ཤིས་ཤོག
- ཁྱེད་ཚང་གི་ཇ་དེམ་ཁ་དཀར་དེར་ཇ་ཞིམ་པོ་འཛོམས་པའི་བཀྲ་ཤིས་ཤོག
- ཁྱེད་ཚང་གི་ཐབ་ཀ་གཡང་མོ་དེར་མ་སྲུ་མོ་འཛོམས་པའི་བཀྲ་ཤིས་ཤོག
- ཁྱེད་ཚང་གི་གོ་ཁ་གྲུ་བཞི་དེར་བུ་ཚ་བོ་འཛོམས་པའི་བཀྲ་ཤིས་ཤོག
- [གསལ་བོ་མིན་པ།]
- བཤད་མཁན་དང་པོ།མཇུག་མཐར་བག་མ་སྤྲོད་པའི་དུས་ལ་ཐོན་པ་ན།
- ཐོག་མར་བག་མ་སྐྱེལ་ནས་ཡོང་མཁན་གྱི་ཨ་ནེ་ཚོའི་ནང་ནས།
- སྐད་ངག་བདེ་བའི་མ་སྲུ་གཉིས་ཀྱིས་ཕྲག་སྟེང་ནས་ཁ་བཏགས་ཤིག་སྣར་ཏེ།
- བཀྲ་ཤིས་འཇོག་པ་ཡིན།
- བཤད་མཁན་བདུན་པ།ཡེ་་་དགོང་སྔོན་པོ་འདྲ་བའི་་་ཤེད་ཡ་ཡེ་ཞང་བོ་ཚོ།
- ནང་འབྲུག་ཆུང་འདྲ་བའི་་་ཤེད་ཡ་ཡེ་ཉན་མཁན་ཚོ།
- ཆར་བསིལ་མ་འདྲ་བའི་བཀྲ་ཤིས་འཇོག
- ཤེད་ཡ་ཡེ་ཡ་རེ་འགྱོགས་ཡ།
- རྫ་མཐོན་པོ་འདྲ་བའི་་་ཤེད་ཡ་ཡེ་ཞང་བོ་ཚོ།
- རྫ་རྐང་སང་མོ་འདྲ་བའི་་་ཤེད་ཡ་ཡེ་ཉན་མཁན་ཚོ།
- རྫ་ཆུ་བསིལ་མ་འདྲ་བའི་བཀྲ་ཤིས་འཇོག
- ཤེད་ཡ་ཡེ་ཡ་རེ་འགྱོགས་ཡ་་་
- ཕ་ཨ་ཁུ་འཛོམས་པའི་་་ཤེད་ཡ་ཡེ་ཞང་བོ་ཚོ།
- མ་སྲུ་མོ་འདྲ་བའི་་་ཤེད་ཡ་ཡེ་ཉན་མཁན་ཚོ།
- བུ་ཚ་བོ་འཛོམས་པའི་བཀྲ་ཤིས་འཇོག
- བཤད་མཁན་དང་པོ།སྐབས་འདིར་ཐོན་པ་ན།
- བག་གསར་གཉེན་ཚང་གི་བག་བསུ་རྣམས་ལ་སྤྲོད་པའི།
- གོ་རིམ་ཡོངས་སུ་མཇུག་རྫོགས་པ་ཡིན།
- གཉེན་ཚང་ལ་མཚོན་ན།
- ཉིན་འདི་ནི་བུ་ལ་མནའ་མ་ལེན་པའི་བཀྲ་ཤིས་པའི་ཉིན་མོ་ཉིན་པས།
- སྔ་མོ་ནས་གཉེན་སྟོན་རྒྱ་ཆེན་ཞིག་བྱེད་པར་གྲ་སྒྲིག་ལེགས་པར་བྱས་ཡོད།
- དེ་བས་གཉེན་ཚང་གི་སྒོ་ཕྱི་ནང་ཀུན་དུ།
- ཤ་ཉེ་རིང་དང་སྡེ་བའི་ནང་གི་རོགས་བྱེད་པར་ཡོང་མཁན་རྣམས་ཀྱིས།
- བྲེལ་འཚུབ་ཀྱིས་གྲ་སྒྲིག་གི་ལས་སྣ་ཚོགས་སྤེལ་བཞིན་ཡོད།
- དེ་ལས་གཞན་སྔགས་པ་གཉིས་གདན་དྲངས་ཏེ་གཡང་འབོད་བྱེད་ཀྱིན་ཡོད།
- བག་གསར་དེ་གཉེན་ཚང་གི་ཁྱིམ་གྱི་སྒོ་ཁར་ཐོན་རྗེས།
- གཉེན་ཚང་གི་ཁྱིམ་བདག་མའམ་ཡང་ན་མ་སྲུ་ཞིག་གིས།
- མནའ་མའི་ལག་ཏུ་འོ་མ་དཀར་ཡོལ་འབྲུག་མ་བཀང་འཇོག་པ་ཡིན།
- ཡང་ས་ཆ་ལ་ལར་འབྲུ་རིགས་སྣ་ལྔས་བཀང་བའི་དཀར་ཡོལ་ལག་ཏུ་འཇོག་པ་ཡང་ཡོད།
- མནའ་མས་ལག་གི་དཀར་ཡོལ་འབྲུག་མ་ལས།
- འོ་མའི་མཆོད་ཁ་འཕེན་ཞོར་དུ་རིམ་གྱིས་ཁྱིམ་ལ་འཛུལ་བ་ཡིན།
- དེ་ཡང་བག་གསར་ཐད་ཀར་དུ་མི་ཁང་གི་ནང་དུ་སོང་སྟེ།
- ཐབ་ཁུང་ནང་དང་ཐབ་ཀའི་རྩ་ལ་འོ་མའི་མཆོད་ཁ་འཕེན་པ་དང་།
- ཐབ་ཀ་དང་གྲལ་མགོ་ལ་འཁོར་ཏེ་ཕྱག་གསུམ་འཚལ་བ་ཡིན།
- འདི་ནི་བག་གསར་དེ་དུས་དེ་རིང་ནས་བཟུང་།
- ཁྱིམ་འདིའི་ཐབ་ཀའི་བདག་མོའམ་ཁྱིམ་བདག་མར་གྱུར་བའི་རྟགས་སུ་བཤད།
- བྱེད་སྒོ་འདི་དག་སྤེལ་ཚར་རྗེས།
- ད་གཟོད་བག་གསར་བག་རོགས་གཉིས་ཁྱིམ་དེའི་ཁང་མིག་ཆུང་ཆུང་ཞིག་ཏུ་བསུས་ཏེ།
- ཟས་རིགས་སྣ་ཚོགས་ཀྱིས་སྣེ་ལེན་ལེགས་པར་བྱེད་པ་ཡིན།
- འདི་ལ་མནའ་མ་སྒོ་འོག་ཏུ་འཛུལ་བ་ཞེས་ཀྱང་འབོད།
- ཨ་ཞང་རྣམས་ཀྱིས་བུ་མོས་རྫོང་སྐལ་དུ་ཁྱེར་ཡོང་བའི་གོན་པ་རྣམས།
- ཕྲག་གཡོན་པར་ཁུར་ཞིང་།
- གཉེན་ཚང་གི་སྒོ་ཆང་འཛིན་མཁན་རྣམས་ཀྱིས་ཆང་ལ་མཆོད་ཀ་འཕངས་ཏེ།
- ཧུབ་གང་རེ་འཐུང་བཞིན་གཉེན་ཚང་དུ་འབབ།
- ཨ་ཞང་ཚོ་ནི་ཉིན་འདིར་སྐུ་མགྲོན་ནང་ནས་ཡང་མགྲོན་ཡིན་པས།
- གཟབ་རྒྱས་ཆེ་བའི་སྒོ་ནས་མགྲོན་བསུ་རྒྱ་ཆེན་པོ་བྱེད་པ་དང་།
- གཉེན་ཚང་གཙོར་བྱས་མགྲོན་པོ་གཞན་རྣམས་ཀྱིས་ཀྱང་།
- ཉིན་འདི་ལ་ཨ་ཞང་ཚང་ལ་ལྷག་ཏུ་བརྩི་བཀུར་དང་།
- མཐོང་ཆེན་ཆེན་པོ་བྱེད་པ་ཡིན།
- ཨ་ཞང་ཚོས་བུ་མོའི་རྫོང་སྐལ་རྣམས་གཉེན་ཚང་གི་ལྷས་ཀྱི་གདང་ལ།
- རེ་རེ་བཞིན་བཀྲམ་པ་ཡིན་ལ།
- ཨ་ཞང་ཚང་གིས་ཁྱེར་ཡོང་བའི་གོན་པ་རྣམས་ཅི་འདྲའི་རྩ་ཆེ་བའམ།
- ཡང་ན་གོན་པའི་ཁ་གྲངས་ཅི་ལྟར་མང་ན།
- དེ་ལྟར་ཨ་ཞང་ཚང་གི་རྒྱུ་སྟོབས་ཆེ་བར་བཤད།
- ཨ་ཞང་ཚོ་ཁྱིམ་ལ་བསུས་རྗེས།
- ད་གཟོད་གཉེན་སྟོན་གྱི་མགོ་དངོས་སུ་རྩོམ་པ་ཡིན།
- ཨ་ཞང་ཚང་གི་སྐྱེས་པ་ཁ་བདེ་ལྕེ་བདེ་ཞིག་གིས།
- བཀྲ་ཤིས་གཉེན་སྟོན་གྱི་གཏམ་བཤད་པ་ཡིན།
- བཤདན་མཁན་བརྒྱད་པ།ལགས་སོ་་་ཁྱོད་ཀ་རིང་སྐྱ་སེར་ལ་མཚོན་ན།
- འབའ་ལུང་བའི་ཐང་ནི་རྗེ་འཇིག་མེད་དམ་ཆོས་རྒྱ་མཚོ་མཆོག་གི་གདན་ས་ཡིན་པ།
- རྗེ་ཁོང་ཉིད་ལ་མཚོན་ན།
- [གསལ་བོ་མིན་པ།]
- མཁས་བཙུན་བཟང་གསུམ་གྱི་འབྲས་བུ་ཐོབ་པ།
- ཆོས་མདོ་སྔགས་པོ་ཏི་བརྒྱ་ཁྲི་བཞི་སྟོང་ཁོང་དུ་ཆུད་པ།
- དགེ་སློང་བླ་མ་མང་པོ་ཕབ་པ།
- བརྒྱ་ཕྲག་མང་པོའི་མགོ་ན་སྐུ་ལུས་འོར་ཟེར་འཕྲོས་ནས་བཞུགས་པ།
- ས་ཆ་འདི་ལ་མཚོན་ན་ཤི་བོའི་བར་དོ་སེལ་བ་དང་།
- གསོན་པོའི་བར་ཆད་སེལ་བ།
- བླ་མ་གན་ནི་ཅིག་རེ་རེད་ཟེར་རྒྱུ།
- བཤད་མཁན་དགུ་བ།ཤ་བོ་རྒྱ་མཚོ།
- ཁ་བཏགས་བླངས་ནས་རྟ་འདང་དང་མཛོ་འདང་གིས་བྱམས་དགོས།
- འདི་ན་སྒོར་མོ་བརྒྱ་ཡོད་ཀི།
- བཤད་མཁན་དང་པོ།གཉེན་ཚང་གིས་ཀྱང་ཕྱིར་ཨ་ཞང་རྣམས་ལ་གོན་སྐོན་པ་སྟེ།
- དེ་ནི་ཨ་ཞང་ལ་ཡོང་མཁན་དུ་ཡོད་པ་དེ་དག་རེ་རེ་ལ།
- བོད་ལྭ་ཞིག་གི་བཟོ་ཚད་ཡོང་བའི་བཟོ་རས་ཤིག་ལུས་སུ་གོན་དགོས་ལ།
- བཟོ་རས་ཀྱི་རྒྱུ་སྤུས་བཟང་ངན་དེ།
- གཙོ་བོ་གཉེན་ཚང་གི་ཁྱིམ་གྱི་འབྱོར་བའི་ནུས་ཚད་ལ་ཐུག་ཡོད་པ་ཞིག་རེད།
- ཡང་ས་ཆ་ཁ་ཤས་སུ།
- བཟོ་རས་ཀྱི་ཚབ་ཏུ་སྒོར་མོ་འཇོག་པ་ཡང་ཡོད།
- བཤད་མཁན་དགུ་བ།ཁ་བཏགས་བླངས་ནས་རྟ་འདང་དང་མཛོ་འདང་གིས་བསམ་དགོས།
- སྒོར་མོ་སུམ་ཅུ་ཐམ་པ་བོ་འདི་ཡིས་དུ་བ་འཐེན།
- བཤད་མཁན་དང་པོ།དེ་ལྟར་ཨ་ཞང་ཚོ་དང་སྡེ་ཕྱི་ནང་གི་སྐུ་མགྲོན་རྣམས་གཉེན་ཚང་ལ་འཛོམས་ཏེ།
- ཤ་མར་ཐུད་གསུམ་གྱི་ཟས་རིགས་སྣ་ཚོགས་ལ་ལོངས་སུ་སྤྱོད་བཞིན།
- གླུ་ལེན་གར་རྩེད་ཀྱི་དཔལ་ལ་ཅི་དགར་རོལ།
- བཤད་མཁན་བཅུ་བ།ཡེད་་་ཞང་ཨ་ལོང་ལོ་ལ་མོ་ངས་ཡ་རེ་ལེན་དགོ།
- ངས་ནུབ་ཕྱོགས་ཀྱི་སྒོ་ཞིག་འབྱེད།
- འབྲུག་གཡུ་འབྲུག་འདྲ་ཞིག་གྲགས་ནས་ཡོང་།
- ཡེད་་་ལ་ཡང་ཡེ་ལ་མོ་ཡེ་་་ལ་ཡང་ཡེ་ལེན་དགོ།
- སེར་པོ་གསེར་གྱི་གུར་ཁང་ན་་་ལ་ཡང་ཡེ་ལ་མོ་ཡ་་་ལ་ཡང་ཡེ་ལེན་དགོ།
- འདིར་གསེར་གྱི་བསྣམ་གཟའ་སེར་པོ་ཡོད་་་ལ་ཡང་ཡེ་ལེན་དགོ།
- ཆོས་དར་ཆོས་བ་དེའི་དོན་རེད་་་ལ་ཡང་ཡེ་ལ་མོ་ཡེ་་་་ལ་ཡང་ཡེ་ལེན་དགོ།
- ཡེད་་་གདོང་གི་ལ་་་ལ་ཡེ་་་ལ་མོ་ལ་ལ།
- ཡང་གཅིག་ལེན་དགོ་་་བོད་ཁ་བ་ཅན་ལ་གླུ་ཞིག་དར།
- གླུ་མ་དར་གོང་ལ་ཆང་ཞིག་དར།
- ཆང་བདུད་རྩི་གླུ་ཡི་སྣེ་འདྲེན་རེད།
- རྫ་ཁྲ་ཡག་ཕ་འཛོམས་མ་འཛོམས་རེད།
- ང་མ་འཛོམས་ཁྲོམ་གྲལ་མཐའ་ན་ཡོད།
- ང་མཐའ་ནས་མི་འདུག་དཀྱིལ་ལ་ཡོང་།
- སང་ནངས་མོ་འབྲོང་གྲལ་བཤར་གྲོགས་བྱེད།
- ཡེད་་་ལ་ལ་མོས་ཨ་ལོང་གླུ་ཞིག་ལེན།
- ང་གླུ་བ་ཡོང་ཡོང་ལྷོ་ནས་ཡོང་་་ལ་ལ་མོས་ཨ་ལོང་གླུ་ཞིག་ལེན།
- བྱ་ཁུ་བྱུག་འདྲ་ཞིག་གྲགས་ནས་ཡོང་་་ལ་ལ་མོས་ཨ་ལོང་གླུ་ཞིག་ལེན།
- ཨ་རྩེད་་་ནངས་སྔ་མོའི་ཉི་རྩེ་ཆུ་ལ་བརྒྱབ།
- གཙང་སེར་པོ་མེ་ཏོག་བཞད་འདྲ་རེད།
- དགོད་རེ་ནང་རེ་རྩེད་་་རྩེད་ཡ་ཡང་གིས་རྩེད།
- བཤད་མཁན་དང་པོ།དེ་ནས་གླུ་ལེན་གར་རྩེད་ཀྱི་ཚད་ངེས་ཅན་ཞིག་ལ་ཐོན་རྗེས།
- མག་གསར་ལ་མག་གཅིག་བཅིང་བ་དང་།
- ག་དཔང་རྒྱག་པའི་བྱེད་སྒོ་སྤེལ་བ་ཡིན།
- ག་དཔང་ནི་ཉིན་དེར་གཉེན་སྟོན་ལ་ཡོང་བའི་སྡེ་ཕྱི་ནང་གི་སྐུ་མགྲོན་རྣམས་ཀྱིས་ཁྱེར་ཡོང་བའི།
- ལེགས་སྐྱེས་རྣམས་གཉེན་ཚང་དང་ཁ་ཡ་ན་ཟླ་རྣམས་ལ།
- རྩིས་སྤྲོད་པ་ལྟ་བུའི་མཛད་སྒོ་ཞིག་ཡིན།
- བཤད་མཁན་བཅུ་གཅིག་པ།ཡ་་་ཉོན་ཉོན།
- ཤ་ཉེ་ཚང་གིས་ཨ་ཞང་ཚང་ལ་མདའ་བསྟོད་རྒྱུ་རེད།
- བཤད་མཁན་བཅུ་གཅིག་པ།ཡེད་་་ངའི་ལག་གི་ཁ་བཏགས་དཀར་པོ་འདི།
- [གསལ་བོ་མིན་པ།]
- [གསལ་བོ་མིན་པ།]
- [གསལ་བོ་མིན་པ།]
- [གསལ་བོ་མིན་པ།]
- བཤད་མཁན་དང་པོ།ས་རུབ་ལ་ཉེ་སྐབས།
- གཉེན་སྟོན་ཀྱི་མཛད་སྒོའི་མཇུག་ཀྱང་རྫོགས་ལ་ཁད་བྱེད་པའི་དུས་དེར།
- ཨ་ཞང་ཚང་གི་སྐྱེས་པ་ཞིག་གིས་བཀྲ་ཤིས་ཁ་གཡེང་འཇོག་པ་ཡིན།
- འདི་ནི་གཉེན་ཡ་ཕན་ཚུན་བར་ལ་འགྲིག་མཐུན་ཡོང་ཞིང་།
- མག་གསར་བག་གསར་གཉིས་ཀྱིས་མཛའ་བརྩེ་རྟག་བརྟན་དང་།
- ཁ་ལས་རླུང་རྟ་དར་བར་སྨོན་འདུན་ཞུ་བ་དང་ཆབས་ཅིག
- དེ་རིང་གི་གཉེན་སྟོན་མཛད་སྒོ་ལ་བཀྲ་ཤིས་འཇོག་པ་ཞིག་ཀྱང་ཡིན།
- དེ་རྗེས་བཀྲ་ཤིས་འཇོག་པའི་གླུ་ཡི་དབྱངས་རྟ་སྙན་མོ་དང་འགྲོགས་ཏེ།
- ཨ་ཞང་རྣམས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་ལ་ཆས་པ་ཡིན།
- ཡིན་ཡང་གཉེན་ཚང་གི་མ་སྲུ་ཚོས་སྒོ་ཆེན་གྱི་གཡས་གཡོན་ནས་བཀག་སྟེ།
- ཨ་ཞང་ཚང་གིས་གཡུ་དང་བྱུ་རུ་སྐྱུག་དགོས་ཞེས།
- ཨ་ཞང་རྣམས་བདེ་ལེགས་ངང་འགྲོ་རུ་མི་འཇུག་པས།
- ཨ་ཞང་རེ་རེ་ཡིས་མ་སྲུ་ཚོ་ལ་ལམ་རྩ་ཨན་ཙམ་བྱིན་རྗེས་ད་གཟོད་འགྲོ་རུ་འཇུག་པ་ཡིན།
- བག་གསར་ཡང་གཉེན་སྟོན་གྱི་དགོང་མོར་དེར་གནས་ཚང་ནས་མི་འདུག་པར།
- རང་གི་གཉེན་ཉེ་དང་འགྲོགས་ཏེ།
- ཕྱིར་རང་ཁྱིམ་དུ་ལོག་པ་ཡིན་ལ།
- ཉིན་གསུམ་གྱི་རྗེས་ནས།
- ཕ་མ་གཉིས་ཀྱིས་རང་གི་བུ་མོ་དེ་གནས་ཚང་དུ་ཕྱིར་སྐྱེལ་དགོས་པ་ཡིན།
- དུས་དེ་ནས་བཟུང་ད་གཟོད་ཁྱིམ་དེ་ནས་གཏན་སྡོད་བྱས་ཏེ།
- ཁྱིམ་ཚང་དེའི་ཁྱིམ་བདག་མོའི་ལས་ཡོད་ཚད།
- རིམ་བཞིན་མོའི་སྟེང་ལ་འབབ་དགོས་པ་ཞིག་ཡིན།