Video Overview
In this video, Lodrö Püntsok gives a brief introduction to the history of Degé and the Meshö Valley.
བརྙན་ཐུང་འདིར་བློ་གྲོས་ཕུན་ཚོགས་ལགས་ཀྱིས་སྡེ་དགེའི་ལོ་རྒྱུས་དང་འབྲེལ་ཏེ་རྨེ་ཤོད་ལུང་པའི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་ཡོད།
ལོ་ཆིག་སྟོང་ལྷག་གི་ཡར་སྔོན་ལ་སྡེ་དགེའི་ཡུལ་ཕྱོགས་ཐམས་ཅད་གླིང་གེ་སར་རྒྱལ་པོའི་མངའ་ཁོངས་ཡིན་པ་རེད། སྤྱི་ལོ ༡༤༤༦ ལོར་གླིང་དཔོན་ཚང་གི་བུ་མོ་ཞིག་བཀྲ་ཤིས་སེང་གེ་ལ་ཆུང་མར་བྱིན་པ་དང་། ད་ལྟའི་སྡེ་དགེ་རྫོང་སྟེ་སྡེ་དགེའི་རྒྱལ་ས་ཆགས་སའི་ས་ཁོངས་ངེས་ཅན་ཞིག་ཁོང་ལ་བྱིན་པ་རེད། སྤྱི་ལོ ༡༦༤༠ ལོར་རྨེ་ཤོད་ཀྱི་ལུང་པ་ཡང་དགེ་སྡེའི་མངའ་ཁོངས་སུ་གྱུར་པ་རེད། རྨེ་ཤོད་ཀྱི་ལུང་པ་ནས་རྫོང་གསར་དགོན་པ་སྤྱི་ལོ ༧༤༦ ལོར་ཕྱག་བཏབ་པ་དང་། སྤྱི་ལོ ༡༢༧༠ ལོར་འགྲོ་མགོན་འཕགས་པ་རྒྱ་ནག་ཏུ་ཕེབས་སྐབས་འདིར་ཕེབས་ཏེ་ས་སྐྱར་བསྒྱུར་བ་དང་། ད་བར་ས་སྐྱ་བའི་གདན་ས་རེད། བཟོ་རིག་པའི་ཕྱོགས་ནས་མཁྱེན་ལུགས་ཞེས་པའི་ལི་མ་དེའི་སྐོར་བྱུང་བ་དང་། ལྷ་སྐུ་བཟོ་མཁན་མང་པོ་ཞིག་བྱུང་བ་དང་། གསོ་བ་རིག་པའི་ཆ་ནས་སྡེ་དགེ་རྒྱལ་པོའི་བླ་སྨན་མཛད་མྱོང་མཁན་གྱི་བླ་སྨན་མང་པོ་བྱུང་མྱོང་བ་རེད།
བརྙན་ཐུང་འདིར་བློ་གྲོས་ཕུན་ཚོགས་ལགས་ཀྱིས་ཁམས་ཕྱོགས་སྡེ་དགེའི་ལོ་རྒྱུས་དང་འབྲེལ་ཏེ་རྨེ་ཤོད་ལུང་པའི་གནའ་དེང་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་ཡོད་ལ། དེ་ཡང་གནའ་སྔ་མོ་ལོ་ཆིག་སྟོང་ལྷག་གི་ཡར་སྔོན་ལ་སྡེ་དགེའི་ཡུལ་ཕྱོགས་ཐམས་ཅད་གླིང་གེ་སར་རྒྱལ་པོའི་མངའ་ཁོངས་ཡིན་པས། གླིང་གི་ཡུལ་སྡེ་རུ་ངོས་འཛིན་པ་རེད། སྤྱི་ལོ ༡༤༤༦ ལོར་གླིང་དཔོན་ཚང་གི་བུ་མོ་ཞིག་བཀྲ་ཤིས་སེང་གེ་ཟེར་བ་ཞིག་ལ་ཆུང་མར་བྱིན་པ་དང་། ད་ལྟའི་སྡེ་དགེ་རྫོང་སྟེ་སྡེ་དགེའི་རྒྱལ་ས་ཆགས་སའི་ས་ཁོངས་ངེས་ཅན་ཞིག་ཁོང་ལ་བྱིན་པ་རེད། དེའི་རྗེའི་ལོ་ངོ་ཉིས་བརྒྱའི་རིང་ལ་ཁོང་གི་ཁྱིམ་བརྒྱུད་ཀྱིས་རིམ་བཞིན་མངའ་ཁོངས་རྒྱ་བསྐྱེད་པ་དང་། སྡེ་དགེའི་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་སྐབས་ཀྱི་སྤྱི་ལོ ༡༦༤༠ ལོར་རྨེ་ཤོད་ཀྱི་ལུང་པ་ཡང་དགེ་སྡེའི་མངའ་ཁོངས་སུ་གྱུར་པ་རེད། སྡེ་དགེའི་མིང་གི་འབྱུང་ཁུངས་ཀྱི་ཆ་ནས། སྔོན་མ་གླིང་གི་ཡུལ་སྡེ་ཞེས་འབོད་པ་དང་། རྗེས་སུ་ཡུལ་ཕྱོགས་འདིར་དབང་བསྒྱུར་མཁན་གྱི་ཁྱིམ་ཚང་གི་མིང་ལས་འཕྲོས་ཏེ་སྡེ་དགེ་རྒྱལ་པོའི་མངའ་ཁོངས་ཐམས་ཅད་ལ་སྡེ་དགེ་ཞེས་འབོད་པ་རེད། རྨེ་ཤོད་ཀྱི་ལུང་པ་འདིར་མཚོན་ན། རྫོང་གསར་དགོན་པ་ཞེས་པ་ཞིག་ཆགས་ཡོད་པ་དང་། སྔོན་གྱི་ལོ་རྒྱུས་ལྟར་ན་རྫོང་གསར་དགོན་པ་འདི་ནི་སྤྱི་ལོ ༧༤༦ ལོར་ཕྱག་བཏབ་པར་གྲགས་པ་དང་། དགོན་པ་འདི་དང་པོ་བོན་གྱི་དགོན་པ་ཡིན་པ་དང་། དེ་ནས་རྙིང་མ་དང་། བཀའ་གདམས། སྤྱི་ལོ ༡༢༧༠ ལོར་འགྲོ་མགོན་འཕགས་པ་རྒྱ་ནག་ཏུ་ཕེབས་སྐབས་འདིར་ཕེབས་ཏེ་ས་སྐྱར་བསྒྱུར་བ་དང་། དེ་ནས་བཟུང་ད་ལྟའི་བར་དུ་དཔལ་ལྡན་ས་སྐྱ་བའི་གདན་ས་རེད་ཅེས་གསུངས་ཡོད། དེའི་རྗེས་སུ་འཇམ་དབྱངས་མཁྱེན་བརྩེའི་དབང་བོའི་རྣམ་ཐར་དང་མཛད་འཕྲིན་གྱི་ཆ་མདོར་བསྡུས་ཤིག་གསུངས་ཡོད་པ་དང་། ཡུལ་འདིའི་བླ་ཆེན་རྣམས་དང་ལྷན་དུ་མཛད་འཕྲིན་ཅི་ལྟར་སྤེལ་བའི་སྐོར་ཡང་མདོར་བསྡུས་སུ་གསུངས་ཡོད། བཟོ་རིག་པའི་ཕྱོགས་ནས་ཀྱང་མཁྱེན་ལུགས་ཞེས་པའི་ལི་མ་དེའི་སྐོར་བྱུང་བ་དང་། བཟོ་རིག་པའི་ཆ་ནས་ལྷ་སྐུ་བཟོ་མཁན་གྱི་འབག་བཟོ་དང་། རྫ་བཟོ། ལྷ་བཟོ། མགར་བ་སོགས་མང་པོ་ཞིག་བྱུང་བ་དང་། གསོ་བ་རིག་པའི་ཆ་ནས་སྡེ་དགེ་རྒྱལ་པོའི་བླ་སྨན་མཛད་མྱོང་མཁན་གྱི་བླ་སྨན་ཆོས་གྲགས་རྒྱལ་མཚན་དང་། བླ་སྨན་རིན་ཆེན་འོད་ཟེར། བླ་སྨན་ཀུན་དགའ་ཕུན་ཚོགས། བླ་སྨན་ཀུན་དགའ་སེང་གེ་ཟེར་པ་མིང་གྲགས་ཅན་བླ་སྨན་མང་པོ་བྱུང་མྱོང་བ་རེད། འདི་ཐམས་ཅད་ཀྱང་འཇམ་དབྱངས་མཁྱེན་དབང་བོ་སོགས་བླ་མ་གོང་མ་རྣམས་ཀྱི་སྐུ་དྲིན་ལས་བྱུང་བ་དང་། རྨེ་ཤོད་ལུང་པ་འདིའི་རིག་གནས་ཆ་ནས་ཀྱང་ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་བ་རེད།