Video Overview
རྡོ་འབའ་ནི་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་བསེ་རི་ཆུ་བར་གསུམ་གྱི་ཡ་ཀྱལ། ཆུ་མ་སྡེ་བརྒྱད་ཚོ་དགུའི་ནང་ཚན་མར་རྐ་སྡེ་བའི་སྡེ་མི་ཡིན་ལ། དགུང་ལོ་བདུན་ཅུའི་ནང་དུ་ཡོད། ཁོང་ནི་ཆུང་དུས་ནས་རིག་པ་བཟང་ཞིང་སྨྲ་ལྕེ་ཤིན་ཏུ་བདེ་བ་དང་། སྡེ་དོན་ཚོ་དོན་ལ་ལྷག་བསམ་རྣམ་པར་དག་པ་ཞིག་ཡིན་པས། སྡེ་མི་ཀུན་གྱིས་གོང་དུ་བཀུར་བ་དང་། སྡེ་བ་དང་ཚོ་བའི་ཕྱོགས་ཀྱི་དོན་དག་ཆེ་མ་ཆུང་གསུམ་ཇི་སྙེད་ཅིག་ལ་ཞུགས་ཏེ། སྲོལ་རྒྱུན་གྱི་འགྲོ་ཕྱོགས་ལྟར་དོན་དག་མང་པོ་ཞིག་ཐག་གཅོད་བྱས་མྱོང་བ་རེད། བརྙན་ཐུང་འདིའི་ཁག་དང་པོར་ཁོང་གིས་མི་གཞན་ལ་བཙན་གཏམ་བཤད་ཚུལ་དང་། ཁག་གཉིས་པར་མནའ་མ་སློང་ཚུལ། ཁག་གསུམ་པར་ན་གཞོན་རྣམས་ལ་ཁ་ཏ་སློབ་གསོ་བཏང་ཚུལ་སོགས་ཡོད་དོ། །
This video is about Donba from Chuma Village in Repgong. The subject of his talk is Heroic Speech, Traditional Entrustment Speech, and Moral Educations. His talk is part of the Repgong Tamshé Competition.
- ད་ངས་འདི་ནས་ཅིག་བཤད་ཁ་བྱེད།
- ད་ང་ལོ་ཡང་མཐོ་བ་རེད།
- བློ་རིག་གི་དྲན་པ་ཡང་ཉམས་འདུག
- དེ་མིན་ན་ཅུང་ཟད་ད་ཅི་ཞིག་ཟེར་དགོ་ནི་རེད།
- ཁ་དར་མ་རི་རྐྱང་སྔོན་མོ་དང་ལུས་དར་མ་འབྲུག་ཕྱུགས་རྩེ་བརྒྱད་ཡིན་དུས་ཡིན་རྒྱུ་ན།
- ཅུང་ཟད་བཤད་ན་ཡང་བཤད་རྒྱུ་ཅུང་ཟད་ཡོད་ནི་རེད།
- ཡིན་ནའང་ཅུང་ཟད་ལོ་ཡིས་ཐུབ་སོང་ན།
- སྔ་དྲོ་བཤད་པ་ཕྱི་དྲོ་ཡིད་ན་མེད་ཀི།
- ཁ་སང་བཤད་པ་དེ་རིང་ཡིད་ན་མེད་ཀི།
- དེ་ཡོད་ཀྱང་རུང་མེད་ཀྱང་རུང་།
- སྔོན་ཆད་རང་ཉིད་ལོ་ཆུང་དུས།
- ཁ་དར་མ་རི་རྐྱང་སྔོན་མོ་ཡིན་དུས།
- ལུས་དར་མ་འབྲུ་ཕྱུགས་རྩེ་བརྒྱད་ཡིན་དུས་སུ།
- རྒོད་ལ་འགྲོགས་ནས་དགུང་དུ་ཡང་སོང་མྱོང་།
- དགུང་ཨ་སྔོན་དཀྱིལ་ནས་མི་ཤ་ཟས་མྱོང་།
- སྟག་ལ་འགྲོགས་ནས་ནགས་སུ་ཡང་སོང་མྱོང་།
- ནགས་ཙན་དན་དཀྱིལ་ནས་རྟ་ཤ་ཟས་མྱོང་།
- དེ་རིང་གནངས་ཀ་ངོ་མ་ལོ་ཡིས་ཐུབ་སོང་ན།
- ད་ཅི་ལ་གྲལ་གསུམ་གྱི་མཚམས་རེད།
- ངོ་མ་རིག་དགོ་པ་མིག་གིས་མི་རིག་གི།
- དུང་བུས་པ་རྣ་ཡིས་མི་གོ་གི།
- ཡིན་ནའང་གང་ལྟར་ཀྱང་རང་ཉིད་སྔོན་ཆད་ཀྱི་དེ་འདྲ་ཡིན་ན།
- གླང་ཆེན་སྨྱོན་པ་རིག་ན་ལྷམ་མ་ཕུད་པ་ཡིན།
- ཤའཀྱ་ཐུབ་པ་རིག་ན་ཞྭ་མ་ཕུད་པ་ཡིན།
- རང་ཉིད་ཅུང་ཟད་ངར་བ་་ཞིག་ཡིན་ཞེས་པ་མིན་མོད།
- རང་ཉིད་རང་གི་ཚོད་ཀྱིས་ཅུང་ཟད་སྣང་བ་མཐོ་བ་རེད།
- ད་ངོ་མ་ཅི་ཟེར་དགོས་པ་རེད།
- གན་ཤ་སྦྲང་མ་ལོ་ཞེས་པ་ཡིན་ན།
- གན་གིས་ངོ་མ་ང་ལ་ཉིན་དཀར་ལ་བསམ་ནས་བསྡད་དེ།
- མུན་ནག་ལ་སྒོམ་ནས་བསྡད་དེ།
- ངའི་རྒྱུ་སྒོའི་ནང་དུ་ཡོང་ནས།
- ངའི་གཡག་རྒན་ཁྱོད་ཀྱིས་ཁྲིད་སོང་བ་ཡིན་ཞེས།
- ང་ལ་བརྐུས་ནག་ཤར་མ་ཞིག་བཙུགས་ན།
- ཤ་སྦྲང་མ་ལོ་ཁྱོད་གཡས་ནས་བརྒྱབ་ན་གཡོན་ནས་འབུད་མཁན་དགོ་བ།
- ལངས་ནས་བསྡད་ན་ལོགས་ཏེ་འདུག་པ་བཤད་དགོ།
- དགྲ་བོ་བསོད་ན་དགྲ་རྫས་ཚང་དགོས།
- རྐུན་མ་བསོད་ན་གདམ་ཚིག་གསལ་དགོས།
- འདི་ཁོ་ལ་བཤད་རྒྱུ་མེད།
- མེད་ན་ང་ལ་ཉིན་མོ་དཀར་ལ་གཅར་བའི་རྗེས་སུ།
- ང་མི་ནག་ཡིན་པའི་ནག་ཐིག་བརྒྱབ་བཏང་ན།
- འདི་ཅི་ཞིག་རེད་ཅེ་ན་ངོ་མ་འདི་རྩ་བ་ནས་མི་ཆོག
- ངས་འདི་ནམ་ཡིན་ཡང་མི་གཏོང་།
- ནམ་ཡིན་ཡང་ངས་འདི་མི་བརྗེད།
- ང་ཅི་ཞིག་རེད་ཅེ་ན་ང་སེང་གེ་དཀར་མོ་མཐོང་ཞེང་ཅན་ཞིག་ཡིན།
- ང་ནམ་མཁར་སོང་ན་ང་རྒྱལ་ཅན་ཞིག་ཡིན།
- ང་དུག་སྦྲུལ་ནག་པོ་ཁ་རླངས་ཅན་ཞིག་ཡིན།
- ང་ས་ཁར་བུད་ན་ཁ་སྡུག་ཅན་ཞིག་ཡིན།
- ད་ངས་དེ་འདྲ་བྱས་ནས་ཅི་བྱེད་བསམ་ནས།
- ང་ཅི་ཞིག་ལ་མི་དགའ་ཞེ་ན་ང་གྱོད་ལ་མི་དགའ།
- གྱོད་ལ་དགའ་རྒྱུ་ན།
- ང་རྒོད་ལ་འགྲོགས་ནས་དགུང་དུ་སོང་མྱོང་།
- ངས་དགུང་ཨ་སྔོན་དཀྱིལ་ནས་མི་ཤ་ཟས་མྱོང་།
- ང་སྟག་ལ་འགྲོགས་ནས་ནགས་ལ་སོང་མྱོང་།
- ངས་ནགས་ཙན་དན་དཀྱིལ་ནས་རྟ་ཤ་ཟས་མྱོང་།
- ཁྱོད་དེ་རིང་གནངས་ཀ།
- ང་ཐལ་ཁུང་ནང་དུ་རང་ངེ་རོང་ངེ་བརྫང་རྒྱུ་ཟེར་བཞིན་འདུག
- ང་སེང་གེ་དཀར་མོ་གཡུ་རལ་ཅན་ཞིག་ཡིན།
- ང་སོག་པའི་མན་ལ་ལྷུང་མ་མྱོང་།
- ཁྱོད་ཁྱི་རྒན་རྒྱ་ལུའི་རྔ་མ།
- ཁྱོད་ཕྱི་རྩེ་ཡན་ལ་བུད་མ་མྱོང་།
- དེ་ཅི་ཞིག་རེད་ཅེ་ན།
- ང་རི་རབ་འདྲ་ཞིག་དཔང་མཐོ།
- ང་རྒྱ་མཚོ་འདྲ་ཞིག་གཏིང་ཟབ།
- ང་རང་ཉིད་ཅི་ཞིག་རེད་ཅེ་ན།
- ངོ་མ་ང་ལ་ཕ་ཡག་གི་གདུང་རྒྱུད་འདེད་རྒྱུ་ཡོད།
- ང་མ་ཡག་གི་མངའ་ཐང་བཤད་རྒྱུ་ཡོད།
- ངས་དེ་འདྲ་བྱས་ནས་ཅི་བྱེད་བསམ་ནས།
- ངས་ཐེ་ཚོམ་བཟུང་བ་ཡིན།
- དེ་མིན་ན་ངེད་གཉིས་ཀྱིས་རྟ་རྒྱུགས་ནས་མེ་ཏོག་འབལ་རེས་བྱེད།
- ངེད་གཉིས་ཀྱིས་ཆུ་ཁྲིད་ནས་རང་འཐག་སྐོར་རེས་བྱེད།
- ངེད་གཉིས་ཀྱིས་སྲོག་དམར་པོ་འབེན་ལ་འཇོག་རེས་བྱེད།
- ངེད་གཉིས་ཀྱིས་རྟ་ཁྲ་རིའི་རྔ་མ་མདུད་རེས་བྱེད།
- ངེད་གཉིས་ཀྱིས་རྫ་ཁྲ་ཡག་རྫ་ལ་འགོ་རེས་བྱེད།
- འུ་གཉིས་རྟ་བྱང་མ་ཡིན་མིན་གཤིབ་ནས་བལྟ།
- ངས་དེ་འདྲ་བྱས་ནས་ཅི་བྱེད་བསམ་ནས།
- ངས་སེམས་ཆུང་བྱས་པ་ཡིན།
- བྱིས་པ་འདི་དག་སྡུག་ལ་སྦྱོར་ངེས་རེད།
- ང་ཞེ་ནག་པ་ལས་སེམས་ཆུང་བཟུང་པ་ཡིན།
- དེ་མ་ཡིན་པར་ཁྱོད་ལྟ་བུ་ངས་རྩ་ཤོག་བརྒྱབ་ནས་ལ་འཕེན་ན།
- ངས་ལྡུམ་ཤོག་བརྒྱབ་ནས་ཐུར་ལ་འཕེན་ན།
- ངས་ཁྱོད་ལྷ་ཕྱེ་བཅོས་ནས་ལྷ་ལ་འབུལ་ན།
- ང་ཁྱོད་དགག་གཏོ་བཅོས་ནས་ཁྱི་ལ་འཕེན་ན།
- ངས་ཁྱོད་ལྟ་བུ་ཞིག་སླ་མོ་རེད་འདོད།
- ཁྱོད་ངའི་འགྲན་ཡ་མ་རེད་ཅེས་ངས་བརྒྱ་ཆའི་བརྒྱ་ཡིས་འདོད།
- ངས་དེ་འདྲ་བྱས་ནས་ཅི་བྱེད་བསམ་ན།
- ང་རང་གིས་བྱིས་པ་རྣམས་ལ་མི་བཟང་གི་བསམ་པ་ཡིན།
- འདི་རྒད་པོ་ཞིག་གིས་ཤུལ་ནས་མི་འགྲིག་པར་བྱས་པ་རེད་ཅེས་བཤད་ན་མི་བཟང་གི་བསམ་པ་མ་གཏོགས།
- ཁྱོད་ཅི་ཞིག་རེད།
- ཁྱོད་ཅི་ཡང་མ་རེད།
- ཁྱོད་འཇིག་རྟེན་ཁམས་ན་ཡོད་པ་ཞིག་རེད།
- ཁྱོད་ཅང་གི་གྲལ་དུ་ཡང་མེད་པ་ཞིག་རེད།
- ཁྱོད་བལྟས་ན་ང་རི་རབ་འདྲ་ཞིག་དཔང་མཐོ་བ་རེད།
- ང་མཚོ་འདྲ་ཞིག་གཏིང་ཟབ་པ་རེད།
- ངས་རི་རབ་ལ་མེ་འཇོག་ན།
- ངས་རྒྱ་མཚོར་དུག་འདེབས་ན།
- ཁྱོད་ལ་ལྟོས་ན་ངས་ཅི་ཡང་བྱེད་ཐུབ་པ་ཡིན།
- དེ་ན་གཙོ་བོ་ཁྱེད་གཟི་བ་རྣམས་གསུམ་གྱིས་ལྟོས་དང་།
- ང་འདི་འདྲ་བརྐུས་ནག་ཤར་མ་ཞིག་བཙུག་པ་ཡིན་ན།
- ང་རང་དུ་བསྡད་ན་ཨེ་ཆོག་གི།
- ང་རང་དུ་བསྡད་ན་མི་ཆོག་གི།
- ང་རང་དུ་འདུག་ཀྱང་མི་འདུག
- ངས་དེ་འདྲ་བྱས་ནས་ཅི་བྱེད་བསམ་ན།
- དེ་གཙོ་བོ་ཁྱེད་གཟི་བ་རྣམས་གསུམ་གྱིས་བལྟས་ནས་བསྡད་དེ།
- ཐིག་རྣམས་དྲང་བར་བྱོས།
- ངོ་མ་ངས་ཁྱེད་ཚོའི་ཐིག་འཁྱོག་འགྲོ་བ་རེད་ཅེས་པའི་ནང་དོན་མིན།
- མིན་མོད་ད་འདི་བཤད་མ་བཤད་མེད།
- ད་ཐེངས་བདེན་དཀར་པོ་འདྲ་བོ་སུ་ལ་ཡོད་ཅེ་ན་ང་ལ་ཡོད།
- ཤ་སྦྲང་མ་ལོར་གང་ན་བདེན་ཞིག་ཡོད།
- གན་གྱིས་ཁྱོད་སྡོད་དང་།
- ཁྱོད་ཀྱིས་ལྟོས་དང་།
- བུད་མེད་དང་བྱིས་པས་བྱེད་པ་ལྟར་བྱས་ནས།
- དེང་གི་སྐྱེས་པ་ཞིག་གིས་བྱེད་རྒྱུ་བྱེད་ཀྱིན་མེད།
- ངོ་མ་ཅན་གྱིས་ང་ད་ཐེངས།
- གང་རེད་ཅེ་ན་འདི་རེད་ཅེས་ང་ལུ་གུ་འདྲ་ཞིག་ང་ལ་སྟེར་དགོས།
- གལ་ཏེ་དེ་མ་བྱིན་ན།
- ང་གཤིན་རྗེའི་རྒྱ་མ་མིག་མེད།
- ང་དམྱལ་བའི་སླ་ངར་ཞབས་མེད།
- ངས་ཅི་ཞིག་བྱེད་པར་ལྟོས།
- འདི་མ་གཏོགས་ང་ཚོས་དེ་འདྲ་བྱས་ནས་ཅི་བྱེད།
- མཚམས་འདི་ནས་ངས་ཅི་ཞིག་བཤད་ཅེ་ན།
- ངས་གཉེན་སྟོན་གྱི་སྟེང་ནས་གཅིག་བཤད།
- ད་ནངས་ནམ་ལངས་ཀྱི་དང་པོ།
- ཉི་ཤར་གྱི་རྩེ་མོ།
- སྤྲིན་ནག་པོ་མཐོ་ལ་ཚད་དེ།
- ས་ནག་པོ་འདོམ་ལ་ཚད་ནས།
- ང་ཁྱེད་ཨ་ཞང་ཚང་གི་རྒྱ་སྒོ་ནང་དུ་ཡོང་བ་རེད།
- ང་ཨ་ཞང་ཚང་གི་རྒྱ་སྒོ་ནང་དུ་ཐོན་ནས།
- ངས་གསེར་གྱི་ཡར་གཞག་མགོར་ཁུར་ནས།
- ངས་དངུལ་གྱི་མར་གཞག་རྡོག་པས་མནན་ཏེ།
- ང་སྒོ་ཁར་བུད་ནས་གོ་ཁ་ནས་ཅིག་ཙོག་ན།
- ཁྱེད་ཨ་ཞང་ཚང་གིས་ང་ལ་ངོ་མ་ཁ་ལོག་ཚིག་ལོག་མ་བརྒྱབ་པ།
- ང་སྙེ་བ་བཀང་གིས་བསུ་མ་བྱས་ནོ།
- ང་ལྕགས་ཡེ་བཀང་གིས་སྒོ་འགྱོགས་བྱས་ནོ།
- ང་ཇ་ལྒ་ཡས་བྱས་ནོ།
- སྟན་ལག་ཡས་བྱས་ནོ།
- བཀའ་དྲིན་ལྷ་དྲིན་ཆེ།
- ད་ངོ་མ་ཁྱེད་ཚང་གི་བུ་མོ་འདི་ཅི་ཞིག་རེད་ཅེ་ན།
- མ་གཞི་ཡིན་ན་ངས་དེ་རིང་དངུལ་རྣ་འཇོག་ཅན་ཞིག་རུམ་ནས་ལེན་དགོས་ཀི།
- ངས་རྟ་ཐིག་ལེ་ཅན་ཞིག་སྒོ་ནས་འདོགས་དགོས་ཀི།
- ངས་གོས་རི་མོ་ཅན་ཞིག་རུམ་ནས་ལེན་དགོས་ཀི།
- ཁྱེད་ཚང་གི་བུ་མོའི་གོང་ཚོད་ཅིག་བཤད་རྒྱུ་ན།
- ང་འདྲ་ཞིག་གིས་ཐུབ་པ་ཞིག་མིན་མོད།
- དེ་རིང་གནངས་ཁའི་བྱིས་པ་ཚོས་ཁོ་ཚོ་རང་འཐད་རང་དབང་གི་ཁོ་ཚོ་བཟའ་ཚང་སྒྲིག་ཟིན་ན།
- ཁྱེད་ཚང་གིས་མི་སྟེར་ཞེས་བཤད་ན་མི་ཆོག་གི
- ངས་མི་ལེན་ཞེས་བཤད་ན་ཡང་མི་ཆོག་གི།
- དེ་ན་དེ་རིང་ཨ་ཞང་ལོ་ལོ་ཁྱེད་ཚང་གིས་ཀྱང་མཆོད་ཁ་ཞིག་འཕེན་རྒྱུ་བྱོས།
- ཁྱེད་ཨ་ཞང་ཚང་འདི་ཅི་འདྲ་ཞིག་རེད་ཅེ་ན།
- འདི་ངས་ཀྱང་ཅིག་གིས་བཤད་པ་ལྟར།
- ས་ཐག་རིང་སྐད་ཆ་རྣ་རེད།
- མགོ་ཞིག་དང་གྲིབ་མ་ཐུར་རེད།
- ངས་ཀྱང་ཁྱེད་ཚང་གི་རྒྱུ་མཚན་ཤེས་པ་རེད།
- ཁྱེད་ཚང་བླ་ཆེན་འཁྲུངས་ས་ཞིག་རེད།
- དཔོན་ཆེན་སྐྱེས་ས་ཞིག་རེད།
- ཁྱེད་ཚང་རི་རབ་འདྲ་བའི་དཔང་མཐོ་བ་རེད།
- ཁྱེད་ཚང་རྒྱ་མཚོ་འདྲ་ཞིག་གཏིང་ཟབ་པ་རེད།
- ང་འདི་འདྲ་ཞིག་གིས་མི་ཤེས་མོད།
- ད་བྱིས་པ་ཚོས་འདི་འདྲ་བྱས་ཟིན་ན།
- ཨ་ཞང་ལོ་ལོ་ཁྱེད་ཀྱིས་ཀྱང་དེ་རིང་གི་ཉི་མ་སྐར་མ་འདི་མ་བཅག་པར།
- ཁྱེད་ཚང་གི་བུ་མོ་འདི་ལ་མཆོད་ཁ་ཞིག་འཕེན་རྒྱུ།
- ཨ་ཞང་ཁྱེད་ཀྱིས་སྐུ་མཁྱེན་དང་གསུང་མཁྱེན།
- འདི་མ་གཏོགས་ང་ལ་གཞན་བཤད་རྒྱུ་མེད།
- ད་ངའི་བུ་མོ་ཞིག་ཕར་ལ་སྐྱེལ་ནས་ཨ་ཞང་ལ་འགྲོ་ན་བུ་མོ་བཅོལ་གདམ་བྱེད་དགོས་པ་རེད།
- བཅོལ་གདམ་བྱེད་དགོ་ན་ད་ངས་ཁྱེད་ཚང་གི་ཕ་མ་གཉིས་ག་ཤོག་ཟེར་རྒྱུ་རེད།
- ང་ཨ་ཞང་ལམ་ལ་ཆས་ཡོད་པ་རེད།
- ང་ཨ་ཞང་ལམ་ལ་ཆས་རྒྱུ་ང་འགྲོ་རྒྱུ།
- ཁྱེད་ཚང་གི་ཕ་མ་གཉིས་ཀ་ཤོག
- མག་པ་ཤོག
- ང་འདི་ན་ཨ་ཞང་ཚང་ལ་ཚིག་འགའ་བཤད་རྒྱུ་ཡོད་ཀི།
- དེ་ལྟར་བཤད་ན་ཁོ་ཚོ་ཚང་མ་ངའི་མདུན་དུ་ཡོང་རྒྱུ་རེད།
- ཡོང་ན་ད་ང་ཨ་ཞང་ལམ་ལ་ཆས་ནས་འགྲོ་རྒྱུ་ཡིན།
- བུ་མོ་དེ་རིང་ཁྱེད་ཚང་ལ་སྐྱེལ་ཟིན་པ་རེད།
- ངེད་ཚང་གི་བུ་མོ་འདི་ལ་དེ་རིང་གནངས་ཀ་ཁྱེད་ཚང་གིས།
- མི་གཅེས་པ་རེད་མི་སེམས་པ་རེད་ཅེས་བཤད་པ་མིན།
- དེ་རིང་གནངས་ཀའི་་བུ་མོ་མནའ་མ་རྣམས་ལ་གཅེས་ཀྱང་གཅེས་པ་རེད་སེམས་ཀྱང་སེམས་པ་རེད།
- བུ་མོར་ཡང་འདི་ལ་འགན་འཁུར་ཡོད་པ་རེད།
- ཕ་མ་འདི་གཉིས་རང་གི་ཕ་མའི་ཚད་ནས་འཇོག་དགོས།
- རང་གི་མག་པ་འདི་ཐེག་ཐེག་ཀླད་པའི་གཙུག་དང་མི་ཐེག་ཕྲག་པའི་ཁུས་བྱེད་དགོས།
- མག་པའི་ཕ་མ་དང་མག་པ་ལ་བྱམས་དགོས།
- དེ་ནས་ད་དུང་ཕྱི་སྡེ་བ་ལ་བྱམས་དགོས།
- ནང་ཚོ་བ་ལ་བྱམས་དགོས།
- ཕར་གཡས་གཡོན་ལ་བྱམས་དགོས།
- འདི་བུ་མོའི་འགན་ཁུར་ཡིན།
- ཁྱེད་ཚང་ཡིན་ནའང་དེ་རེད།
- བུ་མོ་འདི་ལ་མི་གཅེས་པ་རེད་མི་སེམས་པ་རེད་ཅེས་བཤད་པ་མིན་མོད།
- བུ་མོ་འདི་མནར་རྒྱུ་འདྲ།
- ཡང་ཁ་སྣེ་འབུག་སྣེ་ཡི་གཏོང་རྒྱུ་འདྲ།
- འདི་འདྲ་ཁྱེད་ཕ་མ་གཉིས་ཀྱིས་ཀྱང་མ་བྱེད།
- མག་པས་ཀྱང་མ་བྱེད།
- ངས་ཀྱང་ཉིན་དཀར་ལ་བསམ་ནས་མུན་ནག་ལ་སྒོམ་ནས།
- ཁྱེད་ཚང་ན་བུ་མོ་འདི་ལ་སྐྱིད་ཅིག་ཨེ་ཡོད་ནང་།
- འདི་ཨེ་བཟང་ཨེ་བདེ་འདོད་དེ་ཁྱེད་ཚང་ལ་བྱིན་པ་ཡིན།
- དེ་མིན་ན་ངའི་བུ་མོ་འདི་ཕྱུག་པོའི་བུ་མོ་ཞིག་མིན་མོད།
- ང་མེད་པོ་ལག་ཅན་ཞིག་ཡིན།
- དེ་ངས་མཐོ་ས་ཞིག་ལ་སྟེར་ན་དམའ་ས་ཞིག་ལ་སྟེར་ན།
- དེ་ངས་གང་ལ་སྟེར་ན་བུ་མོ་སྟེར་ས་རྙེད་ལ།
- བུ་མོ་འགྲོ་ས་ཡོད།
- ཡོད་མོད། ཁྱེད་ཚང་གི་བུ་དང་ཁོ་ཚོའི་ལས་དབང་གིས་འདི་ལྟར་མ་བཏང་ན།
- ལས་ཀྱིས་ཁོ་ཚོ་ཁྱིམ་གཅིག་གི་བཟའ་ཚང་ཡིན་ནི་ཡིན་རྒྱུ་རེད།
- དེ་ན་ད་གཙོ་བོ་བུ་མོ་ཁྱེད་ཚོ་ལ་བྱམས་དགོས།
- ཁྱེད་ཚོ་བུ་མོ་ལ་བྱམས་དགོས།
- འདིའི་སྟེང་ནས་ངས་མང་པོ་མང་པོ་མི་བཤད།
- ངས་སྔོན་ཆད་རང་གི་ཨ་ཕ་ཨ་ཁུ་རྣམས་ཀྱི་སྐྱེ་རབས་བཤད་རྒྱུ་ན།
- ངས་ཨ་ཕ་ཨ་ཁུའི་སྐྱེ་རབས་བཤད་ན་ང་རང་ཉིད་རྨོངས་ནི་ཞིག་རེད།
- མ་སྲུ་མོའི་སྐྱེ་རབས་བཤད་ན་ང་རྟོགས་ནི་ཞིག་རེད།
- ང་རང་ཉིད་ལ་ཕ་ཡག་གི་གདུང་རྒྱུད་དེད་ན་ང་འདེད་རྒྱུ་ཡོད།
- ང་མ་ཡག་གི་མངའ་ཐང་བཤད་ན་ང་བཤད་རྒྱུ་ཡོད།
- ཡོད་མོད། ང་ཚོས་ཕན་ཚུན་ལ་དེ་འདྲའི་མང་པོ་མང་པོ་བཤད་མི་དགོ་གི།
- གཙོ་བོ་དེ་རིང་ང་ཚོར་ཡག་གསུམ་ཡག་གི་གོང་བ་རེད།
- ང་ཚོ་དགྲ་ཡི་ཁྱ་ཚང་གོང་མ་རེད།
- ད་ཁ་བཞེས་འོ་མ་འཕྱུར་འཕྱུར་བྱེད་དགོས།
- འདི་དབང་ཐང་རྟུ་ལུད་གཏོང་གཏོང་བྱེད་དགོས།
- ད་འདི་ངོ་མ་ཁྱེད་ཚོ་སུ་དང་སུ་ཡིན་རུང་།
- གཅིག་གིས་གཅིག་ལ་བྱམས་པ་དང་བདེ་བ་ཞིག་བྱེད་རྒྱུ།
- ང་ཨ་ཞང་ཚང་གིས།
- འདི་ནི་ང་ཨ་ཞང་ཚང་གི་རེ་བ་ཡིན་ཟེར་རྒྱུ་དེ་རེད།
- ད་ངས་འདི་ནས་བཤད།
- བཤད་བསམ་རུང་མང་པོ་ཞིག་ཡིད་ལ་ཡང་མི་ཡོང་མོད།
- དེ་ཡོང་རུང་མ་ཡོང་རུང་།
- བུ་ཕྲུག་ཅིག་ཡིན་ན་རང་གི་ཕ་མ་འདི་ལ་གཙོ་བོ་བཀུར་དགོས།
- ཕ་མའི་ཁ་ལེན་དགོས་གི།
- ཚིག་བརྩི་དགོས་གི།
- ཕ་མའི་ཁ་མ་བླངས་པ་དང་ཕ་མའི་ཚིག་མ་བརྩིས་ན།
- ད་དེར་ནང་དོན་ཅི་ཡང་མེད་པ་རེད།
- དེར་འཇིག་རྟེན་ན་ཡང་བཤད་ཡོད་པ་རེད།
- ཕ་མའི་ཚིག་དང་བླ་མའི་གསུང་ཞེས།
- དེ་འདྲ་ཞིག་བཤད་ཡོད་པ་རེད།
- ཡུལ་ཕ་མའི་ཡན་ལ་དྲིན་ཆེན་མེད།
- དྲིན་ལན་སོན་པའི་བུ་ཕྲུག་དཀོན་ཞེས་བཤད་ཡོད།
- དེ་ཁྱེད་སུ་ཡིན་རུང་།
- རང་རང་གིས་ནམ་ཡིན་ཡང་སེམས་ནས་བརྗེད་དུ་མ་འཇུག
- ཁྱེད་ཚོ་ཡིན་ན་ཡང་མི་བཟང་གི་ཞེས་པ་མིན།
- ཧ་ཅང་བཟང་མོད།
- ཇ་འཐུང་ཆང་འཐུང་མ་བྱེད་ཟེར་ན།
- ད་ལྟའི་དུས་རབས་འདི་འདྲ་ཞིག་རེད།
- དུས་རབས་འདི་ཇ་འཐུང་ཆང་འཐུང་གི་དུས་ཤིག་རེད།
- དེ་ལྟར་ཡིན་མོད།
- རང་རང་གིས་རང་རང་གི་སྟོབས་དེ་ཅུང་ཟད་ཚད་བཟུང་ནས།
- ཟས་ཚད་ཚད་ཟས་ན་འབྱུང་བཞི་བདེ།
- གཏམ་ཚད་ཚད་བཤད་ན་རང་རེ་བདེ།
- ཅུང་ཟད་གཙོ་བོ།
- རང་གིས་རང་ཉིད་ཁྱི་ཡི་མ་བཏང་བར།
- གླེན་པ་ཡི་མ་བཏང་བར།
- རང་གིས་རང་ལ་དོན་དག་ཅིག་བྱུང་གི་མ་བཅུག་ན།
- ཡུལ་ཕ་མ་ཡིན་ན་སེམས་བདེ་བ་རེད།
- རང་གི་མི་ཚང་མ་སེམས་བདེ་བ་རེད།
- ཁྱོད་ཚོས་འདི་ལྟར་ཇ་འཐུང་ཆང་འཐུང་བྱས་ནས།
- ངོ་མ་ཉིན་དཀར་གྱི་ཐོག་ལ་ནུབ་མོ་བཞག་ན།
- ཕ་མ་ཡིན་ན་ཡང་སེམས་བདེ་བ་མ་རེད།
- ཡུལ་ནས་བསྡད་ས་འགྲོ་བ་མ་རེད།
- ཉལ་ན་གཉིད་ཀྱི་ཡོང་གི་ཡོད་པ་མ་རེད།
- ཕ་མ་དང་རྟ་བོར་བའི་སེམས་དང་མ་བོར་བའི་སེམས།
- འདི་གཅིག་པ་མ་རེད།
- དེ་ན་གཙོ་བོ་བུ་ཕྲུག་རྣམས་ཀྱིས་ནམ་ཡིན་ཡང་།
- རང་རང་གིས་ཁྱོད་རང་ཕོ་ས་ཡིན་ན་མོ་ས་ཡིན་ན།
- རང་རང་གིས་མཉམ་པར་ཞོག
- རང་རང་གིས་ཡུལ་ཕ་མའི་ཁ་བླངས་ནས་ཚིག་བརྩིས་ཏེ།
- རང་རང་གིས་རང་གི་མདུན་གྱི་བྱ་བ་ཅི་ཞིག་ཡིན་པ།
- རང་རང་གི་ལས་འགན་ཅི་ཞིག་ཡིན་པ།
- དེ་ནམ་ཡིན་ཡང་མ་བཏང་ན་བཟང་གི།
- འདི་འཇིག་རྟེན་ན་ཡང་བཤད་ཡོད་པ་རེད།
- མོ་ཀྲུའུ་ཞི་ཡིས་ཀྱང་བཤད་ཡོད་པ་རེད།
- ཁྱིམ་ཚང་ཡིན་ན་ཡང་ཁྱིམ་ཚང་གིས་ཅིག་ཐུབ་བཞིན་པ།
- ཁ་སོས་བཞིན་པ།
- དེ་བ་ཚང་གིས་ཅི་ཞིག་ལས་བཞིན་ཡོད་པ།
- ཅི་ཞིག་བྱེད་བཞིན་ཡོད་པ་དེའི་ལད་མོ་བྱས་ནས།
- དེ་བ་ཚང་གིས་ཅི་ཞིག་བྱེད་བཞིན་ཡོད་པ་དེ་ལྟར་བྱས་ན།
- དེ་བ་ཚང་ཁྱིམ་ཚང་བཟང་བ་དང་ཕྱུག་པོ་ཡིན་པ།
- ཁྱོད་དེའི་ལད་མོ་བྱས་ནས་ཕྱུག་པོར་གྱུར་འགྲོ་བ།
- བུད་སོང་ན་དེའི་མིང་ལ་སྔོན་ཕྱུག་རྗེས་ཕྱུག་ཅེས།
- ཁྱོད་ཀྱང་རྗེས་སུ་ཕྱུག་པོར་གྱུར་འགྲོ་ཞེས་པ་དེ་རེད།
- གཙོ་བོ་རང་གི་ཕ་མ་དེར་བསྟུན་ནས་ཕ་མ་དེར་སྲུང་སྐྱོབ་བྱས་ཏེ།
- ཕ་མའི་ཁ་བླངས་ནས་ཚིག་བརྩིས་ཏེ།
- ཕ་མའི་སེམས་ཁམས་མ་དཀྲུག་པར་དེ་ལྟར་སོང་ན།
- ཁྱོད་བུ་ཕྲུག་ཡིན་ན་ཡང་བུ་ཕྲུག་ཡག་པོ་རེད་ཟེར་རྒྱུ་དེ་འདྲ་ཞིག་རེད།